བོད་ཡིག་ཚིག་གཏེར་རྒྱ་མཚོའི་ངོ་སྤྲོད།
《བོད་ཡིག་ཚིག་གཏེར་རྒྱ་མཚོ》 འདི་ནི་མིག་སྔར་ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་བོད་ཡིག་གི་ཚིག་མཛོད་ཆེ་ཤོས་དེ་ཡིན།
འདི་ལ་རིག་གཞུང་སྣ་ཚོགས་ཀྱི་ཐ་སྙད་དང་། ཡུལ་སྐད་སྣ་ཚོགས་ཀྱི་ཐ་སྙད་བཅས་བསྡོམས་པས་མིང་རྐྱང་། 76337 ལྷག་བཅས་དང་དེ་དག་ལ་ཁ་གསལ་གོ་བདེའི་འགྲེལ་བཤད་བྱས་ཡོད། ཚིག་མཛོད་འདི་ནི་སྤྱི་ལོ་2004ལོར་ཐུབ་བསྟན་ཕུན་ཚོགས་དང་། མཁན་པོ་ཀུན་དགའ་བཟང་པོ་རྣམ་གཉིས་ཀྱིས་འགན་ཁུར་ནས་རང་གི་སློབ་མ་རྣམས་རྩ་འཛུགས་བྱས་ཏེ་ལོ་ངོ་བརྒྱད་ཀྱི་རིང་རྩོམ་བསྒྲིགས་བྱས་ཤིང་ཡོངས་སུ་གྲུབ་པ་དང་དཔེ་སྐྲུན་བྱས་པ་ཞིག་རེད།
ཉེ་བའི་ལོ་ཤས་རིང་ཁོ་བོས་སྔར་གྱི་ཚིག་མཛོད་ཀྱི་རྨང་གཞིའི་ཐོག་ཏུ་ཚིག་གསར་ཁ་སྣོན་དང་ཞུ་དག་བྱས་ཤིང་། མི་ཉག་སངས་རྒྱས་ནོར་བུས་དཀའ་ངལ་དུ་མ་ཁྱད་བསད་ཀྱི་སྒོ་ནས་གློག་འཕྲུལ་ཐ་སྙད་རྩིས་མཛོད་གསར་བསྐྲུན་བྱས་ཤིང་། རྒྱལ་སྤྱིའི་དྲ་བའི་ཚིག་མཛོད་ཀྱི་མ་ལག་དང་གཅིག་གྱུར་ཅན་གྱི་སྤུས་ཚད་ཐོན་ཡོད། དྲ་བའི་གློག་འཕྲུལ་ཚིག་མཛོད་གསར་བསྐྲུན་གྱི་ལས་ཀའི་ནང་དུ་དཔལ་སྤུངས་དབོན་རྒན་བློ་གྲོས་རིན་ཆེན་དང་། འབུམ་རམས་པ་བསོད་ནམས་དབང་ཆེན་རྣམ་གཉིས་ཀྱིས་ཀྱང་ཞབས་ཞུས་གང་ནུས་བསྒྲུབས་ཡོད།
གོང་རིམ་དཔོན་གྱིས་བཀའ་ཡིས་མ་སྐུལ་ཞིང་། །
རོགས་སྐྱོར་ཚོགས་པའི་རམ་འདེགས་མ་ཐོབ་པ། །
ལར་རྒྱ་ཅན་གྱིས་ཞབས་འདེགས་ཀྱང་མེད་པའི། །
ཚིག་མཛོད་འདི་ནི་དཀའ་སྤྱད་ཅན་གྱིས་བསྐྲུན། །